༈ [056A]༄༅། །གང་དེའི་ཞབས་དྲུང་དུ། སྟབས་བདེར་འབུལ་འབྲས། དེར་སྐུ་ཁམས་བཟང་ཞིང་རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་བཟླས་བསྙེན་ལ་བརྩོན་པ་ཆུ་རྒྱུན་ལྟར་ལྷོད་མེད་ནས་གསུང་འཕྲིན་རྟེན་ལྡན། དཔེ་ ལེ་ཚན་བཅས་གནང་འབྱོར་བཀའ་དྲིན་མཆོག་ཏུ་ཆེ། འདིར་ཡང་གསར་འཚེ་མེད་པར་སྔར་རྒྱུན་ལྟར་བདེ་བར་གནས། ༈ དེང་སང་སྨྱུང་གནས་པ་ཕལ་ཆེར་ཆོག་བརྒྱད་ལྟ་བུ་སྦྲེལ་མའི་སྐབས་ སྦྱོར་བའི་སྔ་དྲོ་སྐྱ་རེངས་ཤར་བ་སོགས་ཀྱི་ཚེ་ཁ་ཟས་གཏོང་ཞིང། དེའི་སྔ་རོལ་ཏུ་སྡོམ་པ་ལེན་པར་བྱེད་ལ་འདིའི་སྡོམ་པ་ཉིན་ཞག་གཅིག་གི་ཚད་ཡིན་པར་ངེས་པའི་ཕྱིར། སང་ཉི་མ་མ་ཤར་གྱི་བར་དུ་སྡོམ་པ་གནས་ ན་ཉིན་ཞག་གཅིག་ལས་ཐལ་བར་འགྱུར་བ་དང། མི་གནས་ན་སྡོམ་པ་ལེན་པའི་སྐབས་སུ་དེ་ཉིད་བརྗོད་ཅིང་བསམ་པ་དོན་མེད་དུ་མི་འགྱུར་རམ། ཞེས་པའི་ལན་ནི། སྤྱིར་བསྟེན་གནས་དང་ཐེག་ཆེན་གསོ་སྦྱོང་གཉིས་འདྲ་བར་ ནམ་ལངས་ནས་ཉི་མ་མ་ཤར་གྱི་བར་གྱི་ལག་རིས་མཐོང་བ་ཙམ་ལ་ལེན་པ་ཡིན་མོད། འོན་ཀྱང་རྗེ་རྟ་ཕུག་པའི་སྨྱུང་གནས་ལྷན་ཐབས་ལས། རྗེས་ཀྱི་ཉིན་དང་པོ་སྐྱ་རེངས་ནས་ངག་འགྲོལ་གྱི་བུམ་ཆུ་གཏོར་བ་དང། ཐོར་ ཐུག་འཐུང་བ་བླ་མ་གོང་མ་རྣམས་ཀྱི་ཕྱག་སྲོལ་ཡིན་ཀྱང། སྨྱུང་གནས་ཚར་གཅིག་ཡིན་ན་ག་ལ་རུང། ཆོག་བརྒྱད་ལྟ་བུ་ཡིན་ཚེ་སྔོན་དུ་སྡོམ་པ་བླངས་ནས་ཐོར་ཐུག་གཏོང་དགོས་སམ་སྙམ། ཞེས་དང་རྒྱལ་མཆོག་བསྐལ་ [056B] སྨྱུང་གནས་ཞིག་སྦྲེལ་ནས་གཏོང་ན་སྦྱོར་བ་གཉིས་པའི་ཞོགས་པ་ཐོར་ཐུག་གཏོང་མཚམས། གསོ་སྦྱོང་གི་སྔོན་དང་རྗེས་གང་དུ་བཏང་ཡང་བཅས་པ་དང་འགལ་བའི་ཉེས་ པ་མི་འབྱུང་བས་ཁྱད་པར་མེད་ཀྱང། རང་རང་གི་བླ་མའི་མཐོང་བརྒྱུད་ཕྱག་ལན་གྱི་རྗེས་སུ་འབྲངས་ན་ཞེ་གཙང་བས་དེ་བཞིན་དུ་བྱ་ལ། འོན་ཀྱང་སྐྱ་རེངས་མ་ཤར་གོང་དུ་བཏང་ན་ཕྱི་དྲོའི་ཁ་ཟས་ཀྱི་ཉེས་པར་འགྱུར་བས་དེའི་ མཚམས་ཟིན་པ་དགོས་ཞེས་གསུངས་པ་ལ་བརྟེན་ནས། དེང་སང་དཀར་པོ་ཕྱོགས་བརྒྱད་གཏོང་བ་རྣམས་སྦྱོར་བ་གཉིས་པ་སོགས་ལ་སྐྱ་རེངས་ཤར་ངེས་པ་ནས་དང་པོར་ངག་འགྲོལ་གྱི་བུམ་ཆུ་བཏང། དེ་ནས་གསོ་ སྦྱོང་གི་སྡོམ་པ་བླངས། དེ་ནས་ཐོར་ཐུག་གཏོང་བའི་ཕྱག་ལེན་མཛད་པ་ཡིན་ལ། དེ་ལ་མི་རུང་བ་ཡང་མེད་པ་འདྲ་སྟེ། སྡོམ་གསུམ་རབ་དབྱེ་ལས། བསྙེན་གནས་མཚན་མོ་འདས་པ་ན། གཏོང་ཕྱིར་འདི་ལ་འབུལ་མི་དགོས། །ཞེས་པའི་ ཐད་ཀྱི་ཀླུ་སྒྲུབ་རྒྱ་མཚོའི་འགྲེལ་པ་ལས། བསྙེན་གནས་ཆོས་ཅན། ཁྱོད་སང་ནང་བར་འབུལ་ཆོག་མི་དགོས་པ་ཁྱོད་མཚན་མོ་འདས་ནས་སྐྱ་རེངས་ཤར་བའི་ཚེ་རང་ཤུགས་ཀྱིས་གཏོང་བའི་ཕྱིར། ཞེས་དང། སྡོམ་གསུམ་འགྲེལ་པ་ཟླ་འོད་ ནོར་བུ་ལས་ཀྱང། ཉི་མ་སྟེ་སྐྱ་རེངས་ཤར་བའི་ཚེ་ལེན་པ་ཁོ་ན་བྱེ་བྲག་ཏུ་སྨྲ་བའི་ལུགས་བསྟན་པའི་ཕྱིར་དང། ཞེས་གསུངས་ཤིང། རྒྱལ་མཆོག་ལྔ་པས་ཀྱང། བྱེ་མདོ་གཉིས་ཀྱི་བསྙེན་གནས་ལ་ཉིན་ཞག་གཅིག་ [057A]༄༅། །པར་གྲགས་ཀྱང་ཞིབ་ཏུ་བྱས་ན། བྱེ་བྲག་ཏུ་སྨྲ་བར་ད་ནང་སྐྱ་རེངས་ཤར་ནས་སང་སྐྱ་རེངས་མ་ཤར་གྱི་བར་ཉིན་ཞག་ཕྲུགས་གཅིག་ཚང་ལ། མདོ་སྡེ་པས་ཟས་ཟོས་ནས་བླངས་ན་ཉིན་ཞག་ཚང་ བ་མི་ཡོངས་བའི་ཁྱད་པར་ཡོད་ཅིང། ཞེས་གསུངས་པས་སོ། དེ་ཡང་རང་ཅག་གནས་པའི་ས་འདིར་སྐྱ་རེངས་ཤར་བའི་ཚེ་འཛམ་བུའི་གླིང་འདིའི་ཤར་མཐའི་ས་ཁད་ཡངས་ས་ལྟ་བུར་ཉི་མ་འཆར་སྲིད་པ་ལ་དགོངས་སམ་ སྙམ་སྟེ། འོད་ལྡན་ལས། ཇི་སྟེ་འོ་ན་ཉི་མ་མ་ཤར་ཀྱང་སྐྱ་རེངས་དང་པོ་ཤར་ན་ཉིན་མོའི་ཐ་སྙད་གདགས་སམ་ཞེ་ན་བཤད་པ་སྣང་བ་ཡོད་པའི་ཕྱིར། ཞེས་སོགས་དང། བསྟན་བཅོས་ལས་སྣང་བའི་གནས་སྐབས་ནི་ཉི་མོ་ ཡིན་ལ། མུན་པའི་གནས་སྐབས་ནི་མཚན་མོ་ཡིན་ནོ། །ཞེས་གསུངས་པ་དང་ཡང་མི་འགལ་ཏེ། སྐྱ་རེངས་དང་པོ་ལ་སོགས་པ་ནས་སྣང་བ་རྩོམ་པ་ཡིན་པའི་ཕྱིར་རོ། །ཞེས་དང། འཇམ་དབྱངས་བཞད་པའི་འདུལ་ ཊིཀ་ལས་ཀྱང། ཉི་མ་ཤར་བའི་ཐོག་མའང་ཡོད་དེ། གླིང་དེའི་དབུས་སུ་ཉི་མ་ཤར་བར་འཇོག་སྟེ། རས་ཡུག་གི་ཕྱོགས་གཅིག་ཚིག་པ་ན་རས་ཡུག་ཚིག་པར་འཇོག་པ་བཞིན་ཡིན་པའི་ཕྱིར། ཞེས་དང། མགོན་པོ་ ཡིད་བཞིན་ནོར་བུའི་ལོ་རྒྱུས་ལས། རྒྱ་གར་ནས་ཉི་མ་ཤར་མ་ཐག་ཡོངས་པས་བོད་ས་རོང་དོག་པས་ནམ་ལངས་མ་ཐག་སླེབས་པ་ཡིན་གསུངས། ཞེས་འབྱུང་བ་རྣམས་གུང་བསྒྲིགས་པ་ལས་སོ།།